གངས་དཀར་ཨ་མའི་སྡུག་གྲིབ་ནག་པོ་ཁེར་རྐྱང་མཆི་མའི་རྒྱུན་གྱིས་བཀྲུས།།
རྩམ་གཟན་མི་ཡི་ལོ་རྒྱུས་མོག་པོ་ཤེས་རབ་རྣོན་པོའི་རྩལ་གྱིས་དཀྲུགས།།
བླ་མཁར་ཞིག་པོའི་བཤུལ་རྗེས་མང་བོ་འགྲུལ་བཞུད་བཙན་པོའི་སྟོབས་ཀྱིས་བཙལ།།
མེས་པོའི་གཏམ་རྒྱུད་གླུ་རུ་ལེན་པའི་དཔའ་བོའི་ཉམས་རྟོགས་ཐོལ་གྱིས་སད།།
ཤ་ཁྲག་བཙག་པའི་ཉིང་ཁུ་དམར་བོས་རིགས་རྒྱུད་དྲན་པའི་རྟེན་ཞིག་བསླངས།།
རུས་ཐལ་གཏོར་སའི་གདམ་ག་ཟབ་མོས་ཁ་བའི་ཐལ་མཆོད་ཅིག་འཕངས།།
རྨི་ལམ་འཁྲིགས་པའི་བསམ་བློ་ལྕི་མོས་སྦྲ་གུར་སྡེ་ཡི་རྒྱན་ཞིག་བཏེགས།།
ལྷ་དང་ཀླུ་ཡི་རྒྱལ་ཁམས་ཤིག་ནས་རླུང་རྟ་ཅན་འདི་ལམ་ལ་ཆས།།
རྣམ་ཤེས་སྟོང་གི་ངུ་འབོད་འབྱིན་པའི་མེས་པོའི་དུར་ས་རྒྱང་ནས་རྙེད།།
རེ་སྒུག་ལྕི་མོའི་མ་ནི་བགྲང་སའི་ཨ་མའི་རི་སྒང་མདུན་ནས་མཐོང་།།
སྙིང་གཏམ་སྐྱུར་བོའི་མཆི་མ་འདོན་པའི་ཕུ་ནུའི་ན་ཚ་བར་ནས་མྱངས།།
གངས་ཀྱི་རི་བོའི་སུལ་བར་ཞིག་ནས་རིགས་ཀྱི་སྤོབས་པ་ཕྱོགས་སུ་བསྐྱེད།།
ཟླ་བ་མེད་པའི་དུས་ཚིགས་ཁྲོད་ནས་མུན་པའི་ཟིན་ཐོ་བོད་ལ་བཞེངས།།
ཁ་བ་འབབ་པའི་ལོ་ཟླ་ཞིག་ནས་རླུང་བུའི་གཏམ་རྒྱུད་གངས་ལ་བྲིས།།
མེ་ཏོག་ཤི་བའི་ནམ་ཚོད་ཅིག་ནས་སད་ཀྱི་བརྗེད་བྱང་སྤང་ལ་བཙུགས།།
ནག་ཉེས་ཅན་གྱི་ཞབས་རྗེས་འདི་ཡིས་ཐུ་བྷོད་གླིང་ལ་མཚར་སྡུག་བཞག།
བང་སོ་སྟོང་བའི་རླུང་འཚུབ་ཁྲོད་ན་ཁྱོད་ཀྱི་གྲིབ་གཟུགས་འདར་ཡོམ་ཡོམ།།
བདག་པོ་མེད་པའི་བྱིས་པའི་བར་ན་ཁྱོད་སེམས་ཀྱི་ཁམས་ལྗིད་ཏིག་ཏིག།
རྒྱལ་ཁབ་ཤོར་བའི་དབེན་ཐང་ཞིག་ན་ཁྱོད་ཀྱི་ལུས་པོ་གྲང་ཤུར་ཤུར།།
བསམ་གཞིགས་ལྕི་མོས་མགོ་བོ་མནན་པའི་སྙན་ངག་དབྱངས་རྟ་སྡུག་གིས་བཞུར།།