འཚོལ་ཞིབ།      

 

སྙན་ངག་གསར་རྩོམ་སྐོར་གྱི་གཏམ་གླེང་།

 

རྩོམ་པ་པོ།    ལྷ་ཆབ་སྦྱིན་པ།

 

 

             སྤྱི་ལོ༡༩༨༣ལོ་ནི<<མེ་ལོང་མ>>དང་བོད་ཀྱི་སྙན་ངག་གསར་བ་གཉིས་ཀྱི་གདོང་ཐུག་པའི་ལོ་ཡིན་ཞིང་། དེ་དུས་མདོ་དབུས་ཁམས་གསུམ་གྱི་མཁས་དབང་ཚོས་ཀྱང་གསར་དུ་སྙན་ངག་

གསར་བ་ཞེས་པའི་ཐ་སྙད་འདི་ངོ་ཤེས་པ་རེད།  དེའི་ཚབ་མཚོན་སྙན་ངག་ནི་དཔལ་དོན་གྲུབ་རྒྱལ་འདས་པོའི<<ལང་ཚོའི་རྦབ་ཆུ>>ཡིན་ལ། དེར་མི་འཐད་པའི་རྣམ་འགྱུར་སྟོན་མཁན་གཅིག་

མིན་གཉིས་མིན་དུ་བྱུང་བ་རེད། ཡིན་ནའང<<ལང་ཚོའི་རྦབ་ཆུ>>འི་སྒུལ་ཤུགས་ནི་བོད་རྩོམ་རིག་ལོ་རྒྱུས་སྟེང་གི་ཆེས་རླབས་ཆེ་བའི་སྒུལ་ཤུགས་ཀྱི་དཀྱོགས་མཚམས་ཤིག་ཡིན་པས་ཉེ་བའི་ལོ་ངོ་

ཉི་ཤུའི་རིང་བླ་མ་མེད་པའི་གྲུབ་འབྲས་མངོན་གསལ་ཐོབ་ཡོད་པ་སྒྱུ་རྩལ་ལ་དོ་སྣང་མཆིས་པའི་མི་སུས་ཀྱང་ཤེས་ཐུབ་པ་ཞིག་ཡིན། ཡིན་ནའང་། བརྒྱུད་རིམ་འདིའི་ནང་དུ་ཆེས་ནག་ཁུང་གི་སྙན་

ངག་དང་སྡོམ་ཚིག་ཀྱང་མི་ཉུང་བ་ཞིག་སླེབས་ཡོད་པ་གོར་མ་ཆག ཁ་ཅིག་གིས་སྙན་ངག་གསར་བ་འདི་སྔ་མོ་ནས་རང་རེའི་བོད་ལ་དར་ཡོད་པ་མ་ཟད། བསང་གསོལ་དང་མཆོད་ཚིག སྟོན་བཤད་

སོགས་ཡིན་པ་ཨུ་ཚུགས་མཐར་སྐྱེལ་བྱེད་ཀྱིན་ཡོད་ལ། འགའ་རེས་དེང་རབས་སྙན་ངག་འདི་དང་སྲོལ་རྒྱུན་སྙན་ངག་གཉིས་ཀྱི་རྩོམ་ལུས་མི་འདྲ་ཡང་གོ་བ་ལེན་སྟངས་དང་རྒྱན་སོགས་དཀྲོལ་ཚུལ་

གཅིག་མཐུན་ཡིན་པར་སྨྲ། གང་ལྟར་ཡིན་མིན་གླེང་མཁན་ཞིག་ཡིན་ཚེ་ཕལ་ཆེར་སྙན་ངག་ཅེས་པའི་ཐད་ལ་རེ་བའམ་དོ་སྣང་ཡོད་མཁན་ཞིག་རེད་ཅེས་དགའ་བསུ་བྱེད་འོས་པ་འདྲ།  གཏན་ནས་

སྙན་ངག་ལ་འཐོམས་པའི་མི་ཁ་ཤས་ཀྱིས་དེང་རབས་སྙན་ངག་འདི་རང་རེའི་སྒྱུ་རྩལ་རྩོམ་རིག་གི་གར་སྟེགས་སྟེང་ནས་རྒྱང་ཕུད་དུ་གཏོང་དགོས་པའི་དགོངས་གཞི་འདོན་བཞིན་ཡོད། ཁོ་ཚོས་

ཕལ་ཆེར་དེང་རབས་སྙན་ངག་འདི་རྒྱ་ནག་གམ་ཕྱི་གླིང་ནས་དར་འོང་བ་ཞིག་ཏུ་འདོད་པའི་ཁུལ་བྱེད་ལ།  <<མེ་ལོང་མ>>རྩོམ་སྟངས་འདིའི་འོག་ནས་འཚར་ལོངས་བྱུང་བ་དག་ལ་བོད་རང་གི་

སྙན་ངག་ལྟ་བུ་ཞིག་ཏུ་འདོད་པའི་གཏམ་སྨྲ་བཞིན་ཡོད། གང་ལྟར་གནས་ལུགས་དངོས་ཀྱི་སྟེང་ནས་བསམ་བློ་ཞིག་བཏང་ན་ཧ་གོ་སླ་བ་ཞིག་མ་རེད་དམ། གཅིག་ཤོས་ངན་པ་དང་གཅིག་ཤོས་

བཟང་བར་མཐོང་བ་ནི་སྐྱག་པ་རྡོག་རྡོག་ཅིག་ལས་གཙང་ས་དེ་ཟ་རྒྱུ་ཡིན་ཟེར་བའི་དཔེ་ལས་མ་འདས་སོ། 

             ནུབ་ཕྱོགས་སུ<<སྟོང་བསམ་ཀྱལ་རྩེད་སྨྲ་བ>>ཞེས་པའི་གྲུབ་མཐའ་ཞིག་བྱུང་བ་དང་གདན་གྲལ་གཅིག་ཏུ་འཁོད་འོས་པའི<<མེ་ལོང་མ>>ད་ལྟ་ཕལ་ཆེར་མཇུག་བསྡུ་བའི་སྟ་གོན་ལ་

ཞུགས་པ་འདྲ་སྟེ།  <<མེ་ལོང་མས>>ནམ་ཡང་སྒེག་ཉམས(ཚིག་སྦྱོར་སྙན་པ་དང་སྡེབ་སྦྱོར་ལེགས་པ)ཀྱི་ཤུགས་ལས་དགའ་སྐྱོ་ཆགས་སྡང་མཚོན་པར་བྱེད་པ་དང་དངོས་ཡོད་འཚོ་བའི་ཟ་ཟུར་གྱི་ཚུར་སྣང་

ཞིབ་འབྲི་བྱེད།  " སྟོང་བསམ་ཀྱལ་རྩེད་སྨྲ་བ"ཡང་མདོར་དྲིལ་ཏེ་བཤད་ན་ཚད་ཐིག་འདི་ལས་མི་བརྒལ་བས་གུས་པོས་གདན་གྲལ་གཅིག་ཏུ་འཇོག་པར་འོས་ཞེས་བཤད་པ་ཡིན། ང་ཚོས་དེང་

རབས་སྙན་ངག་གླེང་སྐབས་ཤར་ནུབ་ཐམས་ཅད་ཀྱི་རིང་ལུགས་དང་གྲུབ་མཐའ་དག་ལ་རྒྱུས་ལོན་ཡོད་པ་བྱས་ཏེ་རང་གི་སྙན་ངག་ལ་དཔྱད་བརྗོད་སྤེལ་ཐུབ་ན་ལེགས་པར་མཐོང་ལ། དེ་ལས་

ལྡོག་སྟེ་སྦལ་བ་གནམ་མཐོང་གི་རྣམ་ཐར་བསྐྱངས་ཏེ་མི་བརྒྱ་ཐམ་པས་སྐད་ཆ་གཅིག་གཤད་ན་རང་རེའི་སྒྱུ་རྩལ་རྩོམ་རིག་འདི་འཛམ་གླིང་རྩོམ་རིག་གི་ཆེས་ཚད་དམའ་བའི་ཡུལ་དུ་ལྷུང་བར་

ཉེན་ཁ་འདུག

            བློ་གཟུ་བོར་གནས་ཏེ་བཤད་ན་བོད་ཀྱི་སྙན་ངག་གསར་བའི་རྩོམ་པ་པོ་དང་དཔྱད་བརྗོད་པ་ཁག་ཅིག་ཆུར་སྣ་གར་ཁྲིད་ལྟར་སྙན་ངག་ཡིད་ཀྱིས་མྱོང་བ་ལས་འགྲེལ་རྒྱག་མི་ཐུབ་པའི་

གཏམ་གྱིས་བཟི་སྟེ། སྙན་ངག་ལ་འགྲེལ་རྒྱག་མི་རུང་། ཡིན་ནའང་གོ་མི་ཐུབ་པ་ཞིག་གཏན་ནས་མིན་་ཟེར་བ་ལྟ་བུའི་སྐྱག་ཐོག་ས་འགེབས་ཀྱི་ཟློས་གར་ལ་ཞུགས་ཡོད། དེ་ཡང་ཐལ་ཆེ་བར་མཐོང་

ལ། <<མེ་ལོང་མའི>>ལུགས་ཀྱི་གྲངས་འདྲེན་དང་གཏམ་རྒྱུད་སོགས་ལ་སྦྱར་བའི་སྐབས་ཀྱི་ཚིག་འགྲེལ་སྤེལ་སྟངས་ལྟ་བུ་ཞིག་ཀྱང་མིན། གང་ལྟར་འདི་ནི་དེང་རབས་སྙན་ངག་གི་དཔེ་མཚོན་བྱེ་

བྲག་པ་ཞིག་ཡིན་ལ།   <<མེ་ལོང་མ>>དང<<སྟོང་བསམ་ཀྱལ་རྩེད་སྨྲ་བ>>གཉིས་ཀྱི་བཅའ་ཁྲིམས་དང་སྒྲིག་གཞི་བསྡུར་ཏེ་དཔྱད་ཚེ་ཧ་ལས་སའི་ཡུལ་གང་ཡང་མི་འདུག་མོད། འོན་ཀྱང་ཨི་ཏ་

ལིའི"འབྱུང་འགྱུར་རིང་ལུགས"ཀྱི་མགོ་རྟིང་སློག་པ་དང་གཏོར་བཅོམ།  མདོར་ན་དྲང་བདེན་གྱི་ལྡོག་ཕྱོགས་སུ་བསྐྱོད་པའི་རིང་ལུགས་འདི་དངོས་གནས་བོད་རང་གི་སྙན་ངག་གི་བསམ་བློའི་

སྟེང་ནས་བལྟས་ན་ཧ་ལས་པ་ཞིག་རེད། (འདིའི་སྐབས་སུ་བསམ་བློའི་སྐོར་ཞིག་བཤད་ཀྱིན་འདྲ་ཡང་། རྩོམ་ལུས་ལ་འབྲེལ་བ་མེད་པ་ཞིག་གཏན་ནས་མིན། )"འབྱུང་འགྱུར་རིང་ལུགས"དེ་ལ་ཡང་ཨི་ཏ་ལའི"འབྱུང་འགྱུར་

རིང་ལུགས"དང་ཨི་རུ་སུའི"འབྱུང་འགྱུར་རིང་ལུགས"གཉིས་སུ་གྱེས་ཤིང་། དེ་གཉིས་ཀྱང་དང་འགལ་ཟླ་ལྟ་བུར་ལངས་ཡོད། དཔེར་ན་ཨི་རུ་སུའི"འབྱུང་འགྱུར་རིང་ལུགས"དེས་ཨི་ཏ་ལིའི"

འབྱུང་འགྱུར་རིང་ལུགས"ལས་ལྡོག་སྟེ་ཚུལ་མཐུན་གྱིས་རིང་ལུགས་ཤིག་ཏུ་ངོས་སྲོལ་ཡོད། གང་ལྟར་ང་ཚོའི་རྩོམ་པ་པོ་དང་དཔྱད་བརྗོད་པ་དག་གི་རིང་ལུགས་ཆེན་པོ་འདི་ལྟ་བུའི་ཕུགས་ན་

བླང་བྱ་ཅི་ཡོད་དང་དོར་བྱ་གང་ཡོད་ཀྱི་ངེས་ཤེས་བསྐྱེད་དེ་རང་རེའི་དེང་རབས་རྩོམ་རིག་གི་ཕྱོགས་ལ་ཚུར་ལེན་བྱེད་རྒྱུ་གལ་ཆེ་བར་མཐོང་ངོ་། ང་ཚོས་རྟོག་གེ་བ་ཁ་ཤས་ཀྱིས་གནའ་དེང་གི་

སྙན་ངག་དང་ཤར་ནུབ་ཀྱི་རྩོམ་རིག་བཙོ་སྦྱངས་མེད་པར་དཔྱད་གཏམ་སྔ་དྲགས་པ་ནི་རང་རེའི་དཔྱད་བརྗོད་པའི་ཞན་ཆ་གཙོ་བོ་ཞིག་ཡིན་པ་བརྗོད་ཆོག་པར་སྙམ། 

           རང་རེའི་བོད་ཀྱི་ལོ་རྒྱུས་སྟེང་རྒྱ་གར་གྱི་རིག་གཞུང་གི་ཤུགས་རྐྱེན་མི་ཉུང་བ་ཐེབས་ཡོད་ལ། རྩོམ་རིག་ལ་དེ་བས་བག་ཆགས་ཐེབས་ཡོད་པ་ཚང་མས་ཤེས་གསལ་རེད།  ཡིན་ནའང་རིམ་

གྱིས་བོད་རང་ཉིད་ལའང་ཐེར་ཟུག་གི་གཤིས་ཀ་ཞིག་ཆགས་མེད་པ་མིན། གནས་སྟངས་འདིའི་འོག་ནས་མུ་མཐུད་དུ་ང་ཚོས་ཤར་ནུབ་ཀྱི་ལྟ་བ་ལ་བླང་དོར་ཡོད་པའི་སྐོར་ཚུར་ལེན་བྱེད་ཐུབ་ན་

དེ་ནི་ཕམ་ཁ་ཞིག་རྩ་བ་ནས་མིན་ནོ། །

 

༼  ཕྱིར་ལོག་པ ༽ ༼  རྗེས་སུ་འཚོལ་བ ༽


 

མར་མེ་བོད་ཀྱི་རྩོམ་རིག་དྲ་བ།

Tibetan Literate Website Of  Butter  Lamp

ངེད་མར་མེ་དྲ་བར་བཀོད་ཟིན་པའི་རྩོམ་ཡིག་དང་པར་རིས་རིགས་གཞན་གྱིས་བེད་སྤྱོད་གཏོང་ཚེ་ངེས་པར་དུ་རྩོམ་སྒྲིག་པར་འབྲེལ་གཏུགས་བྱེད་དགོས།

Copyright: ©2008-2009 www.marmay.com  E-mail: marmayeditor@yahoo.com Tel: 0091+9816143619 / 9805475162